
ང་ཚོའི་རྩ་ཆེའི་ལོ་རྒྱུས།
གཞི་རྩ།
ཕྱི་ལོ་ ༡༩༥༩ སྔོན་ལ་སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་མཆོག་གིས་བོད་ཀོང་པོའི་ཕྱོགས་ཀྱི་བུ་ཆུ་རུ་རིག་འཛིན་དགའ་ཚལ་གླིང་དགོན་པ་ཕྱག་བཏབ་གནང་ཞིང་། ཐོག་མའི་བླ་མ་གླིང་པ་གསར་གཏོད་མཛད། སྐྱབས་རྗེ་མཆོག་གི་ཞལ་སློབ་ཀྱི་ཁྲོད་དུ་གྲུབ་པ་ཐོབ་པའི་སྐྱེས་བུ་དམ་པ་དང་། སྔགས་པ་ཆེན་པོ། དགེ་སློང་བཅས་ཤིན་ཏུ་མང་པོ་བྱུང་། སྐབས་དེར་བདུད་འཇོམས་གཏེར་གསར་གྱི་བསྟན་པ་ལེགས་པར་རྒྱས་ཡོད།
ཕྱི་ལོ་ ༡༩༥༩ རྗེས་སུ་ང་ཚོར་རང་དབང་བརླགས་ཏེ་རྒྱ་གར་དུ་སྐྱབས་བཅོལ་ལ་ཡོང་དགོས་བྱུང་། བཙན་བྱོལ་དང་སྐྱབས་བཅོལ་བའི་དཀའ་ངལ་གྱི་དུས་སྐབས་དེར། སྐྱབས་རྗེ་མཆོག་གིས་སངས་རྒྱས་ཀྱི་བསྟན་པ་ཉམས་རྒུད་དུ་མ་འགྲོ་བའི་ཆེད་དུ་དགོན་པ་ཞིག་ཕྱག་འདེབས་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་དང་མེད་དུ་མི་རུང་བ་ཞིག་ཏུ་གཟིགས། སྔ་འགྱུར་རྙིང་མའི་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་ཆེད་དུ། སྤྱི་ནོར་གོང་ས་སྐྱབས་མགོན་བཅུ་བཞི་པ་ཆེན་པོ་མཆོག་གིས་སྐྱབས་རྗེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་མཆོག་ལ་སྔ་འགྱུར་རྙིང་མ་པའི་དབུ་འཛིན་བླ་ན་མེད་པར་བཞུགས་རྒྱུའི་རེ་བསྐུལ་གནང་།
གོང་ས་མཆོག་གི་ཐུགས་རེ་བཀའ་ལུང་སྙིང་ལ་བཅངས་ཏེ། སྐྱབས་རྗེ་རིན་པོ་ཆེས་དགོན་པ་ཞིག་ཕྱག་འདེབས་རྒྱུའི་ཐུགས་ཐག་བཅད་ཅིང་། བཙན་བྱོལ་བོད་གཞུང་གི་ལམ་སྟོན་དང་། ཨོ་ཌི་ཤཱ་མངའ་སྡེ་གཞུང་གིས་ས་ཆ་འདུ་འགོད་ཀྱི་རོགས་རམ་འོག བདུད་འདུལ་རབ་བརྟན་གླིང་ཕྱག་འདེབས་ས་ཨོ་ཌི་ཤཱ་འདེམས་གནང་མཛད།
ཀྱེ་རྡོ་རྗེའི་རྒྱུད་ལས་གསུངས་པའི་གནས་ཆེན་ཉེར་བཞིའི་ཡ་གྱལ་ཞིག་ཡིན་པར་བརྟེན། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེསཨོ་ཌི་ཤཱ་འདི་ཉིད་འདེམས་གནང་བ་ཡིན། ཨོ་ཌི་ཤཱ་ནི་ཨོ་རྒྱན་མཁའ་འགྲོའི་གླིང་གི་གནས་མཆོག་ཏུ་བརྩིའོ། སྐྱབས་རྗེ་རིན་པོ་ཆེས་བོད་ལྷོ་ཕྱོགས་ཀྱི་གནས་མཆོག་པདྨ་བཀོད་ཀྱི་བོད་མི་ཚོགས་པར་ཕྱག་བྲིས་བསྩལ་ཏེ། ཨོ་ཌི་ཤཱའི་ནང་སྔ་འགྱུར་རྙིང་མའི་དགོན་པ་དང་གཞིས་ཆགས་ཤིག་གསར་སྐྲུན་གནང་རྒྱུའི་འཆར་གཞི་བསྒྲགས་ཤིང་། ཁོང་ཚོ་ཚུར་ཕེབས་དགོས་པའི་བཀའ་མངགས་གནང་བར། ཁོང་ཚོའི་ཁྲོད་ནས་མང་པོ་ཞིག་ཆེད་དུ་ཕེབས་སོ།
ཕྱི་ལོ་ ༡༩༦༡ ལོར་སྐྱབས་རྗེ་རིན་པོ་ཆེས་ཨོ་ཌི་ཤཱའི་བོད་མིའི་བཙན་བྱོལ་གཞིས་གྲོང་གསུམ་པར་གསར་བཞེངས་གནང་བའི་དགོན་པ་དེར་བདུད་འདུལ་རབ་བརྟན་གླིང་ཞེས་མཚན་བསྩལ། ཐོག་མའི་དུས་སུ་དགོན་པ་དེར་དགེ་འདུན་པ་བརྒྱ་སྐོར་ལ་ཉེ་བ་ལྷན་ཅིག་ཏུ་འདུ་ཚོགས་ཐུབ་པ་བྱུང་། དེར་ཆོས་ལོངས་སྤྲུལ་གསུམ་གྱི་སྐུ་བརྙན་ (འོད་དཔག་མེད། སྤྱན་རས་གཟིགས། གུ་རུ་པདྨ་འབྱུང་གནས་) ཀྱང་གསར་བཞེངས་གནང་། གཡས་མཐར་ཁྲོས་མ་ནག་མོ་དང་གཡོན་མཐར་རྡོ་རྗེ་གྲོ་ལོད་བཅས་བཞུགས། བོད་དུ་ཡོད་པ་ནང་བཞིན་ཉམས་ལེན་པ་ཕལ་མོ་ཆེ་སྐུ་མཚམས་དང་སྒོམ་སྒྲུབ་ལ་བཞུགས།
བླ་མ་ཤེས་རབ་རྡོ་རྗེ་རིན་པོ་ཆེ་དང་བླ་མ་རྡོ་རྗེ་རྣམ་རྒྱལ་རིན་པོ་ཆེ་རྣམ་གཉིས་ཀྱི་གཟིགས་རྟོག་འོག ཕྱི་ལོ་ ༡༩༦༩ ལོར་ཐོག་བརྩེགས་གསུམ་ལྡན་གྱི་གཙུག་ལག་ཁང་གསར་བཞེངས་དབུ་བཙུགས་ཀྱང་། དཔལ་འབྱོར་གྱི་མཐུན་རྐྱེན་མ་འཛོམས་པའི་རྐྱེན་གྱིས་ལེགས་གྲུབ་བྱུང་བར་ལོ་བཅུ་ལྷག་འགོར། རྒྱུ་མཚན་དེ་རང་གི་དབང་གིས་དགོན་པ་འདི་ཉིད་སྐྱབས་རྗེ་རིན་པོ་ཆེའི་ཐུགས་བཀོད་ཇི་བཞིན་གསར་བཞེངས་གནང་ཐུབ་མེད། ཕྱི་ལོ་ ༡༩༧༩ ལོའི་ཟླ་ ༢ པའི་ཚེས་ ༣ ཉིན་སྤྱི་ནོར་གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བདུད་འདུལ་རབ་བརྟན་གླིང་དགོན་པ་གསར་པ་འདི་ཉིད་རབ་གནས་དང་དབུ་འབྱེད་གནང་།
རིམ་བཞིན་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་སྲས་དང་དབོན་པོ་རྣམས་ཏེ། སྐྱབས་རྗེ་གཞན་ཕན་ཟླ་བ་ནོར་བུ་དང་། སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ། སྐྱབས་རྗེ་གར་དབང་རྡོ་རྗེ་རིན་པོ་ཆེ་བཅས་དང་། གཞན་ཡང་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཞལ་སློབ་ཏུ་གྱུར་པའི་སྐྱེས་ཆེན་དམ་པ་མང་པོས་དགོན་པ་འདི་ཉིད་སྲུང་སྐྱོབ་དང་མི་ཉམས་རྒྱུན་འཛིན་བྱེད་པར་རོགས་རམ་གནང་།
ད་ལྟའི་ཆར་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བསླུ་མེད་ཡང་སྲིད་མཆོག་སྐྱབས་རྗེ་བདུད་འཇོམས་སངས་རྒྱས་པདྨ་བཞད་པ་རིན་པོ་ཆེ་ཞེས་མཚན་གསོལ་བ་ང་ཚོའི་འཚོ་བའི་ཁྲོད་དུ་ཕེབས་པ་བསྐལ་བ་བཟང་། ཇི་སྐད་དུ།
“འདུས་པའི་སྐུ་ནི་རྡོ་རྗེ་འཆང་ཆེན་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དང་།
མ་འོངས་པའི་སྐུ་ནི་སངས་རྒྱས་བདེ་གཤེགས་མོས་པ་མཐའ་ཡས།
ད་ལྟའི་སྐུ་ནི་བརྟུལ་ཞུགས་གྲུབ་པའི་རྣལ་འབྱོར་པ་དང་བསྟན་པའི་གཙུག་རྒྱན།
སངས་རྒྱས་པདྨ་བཞད་པར་གསོལ་བ་འདེབས།”
ཞེས་ལུང་བསྟན་པ་ལྟར། རྣམ་ཐར་གྱི་ཚིགས་བཅད་ཐུང་ངུ་འདི་དང་ལྡན་པའི་སངས་རྒྱས་པདྨ་བཞད་པ་རིན་པོ་ཆེ་མཆོག་ནི་བདུད་འདུལ་རབ་བརྟན་གླིང་གི་དབུ་འཛིན་དང་གདན་ས་འཛིན་པ་བླ་ན་མེད་པ་དེ་ཡིན།
ལྷ་ཡི་བཀོད་པ།
ཐོག་བརྩེགས་གོང་མ་ནི་ཆོས་སྐུའི་ཞིང་ཁམས་སུ་གྲགས་ཤིང་། དེར་ཆོས་སྐུ་འོད་དཔག་མེད་ཀྱི་སྐུ་བརྙན་བཞུགས། གཡས་ཕྱོགས་སུ་རྡོར་སེམས་ཡབ་ཡུམ་དང་། གཡོན་ཕྱོགས་སུ་གུ་རུ་མཚོ་སྐྱེས་ཐུགས་ཐིག་གི་སྐུ་བརྙན་བཞུགས།
བར་ཐོག་ནི་ལོངས་སྐུའི་ཞིང་ཁམས་སུ་འབོད་ཅིང་། དཀྱིལ་དུ་ཕྱག་སྟོང་སྤྱན་སྟོང་ (མཐོ་ཚད་ཁྲུ་བཅུ་ཡོད་པའི་སྤྱན་རས་གཟིགས་) ཀྱི་སྐུ་བརྙན་བཞུགས། དེའི་གཡས་སུ་རྗེ་བཙུན་འཇམ་དཔལ་དབྱངས་དང་གཡོན་དུ་ཕྱག་ན་རྡོ་རྗེ་བཞུགས། སྤྱན་རས་གཟིགས་ཀྱི་མདུན་དུ་སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་སྐུ་བརྙན་བཞུགས། གཟིམ་ཆུང་ཁང་གི་གཡས་ཕྱོགས་སུ་སྐྱབས་རྗེ་མཆོག་གི་གཟིམ་ཆུང་ (གཟིམ་ཆུང་ཆུང་བ་དང་ཆེ་བ་གཉིས་) ཡོད་པ་དང་། ལྷ་ཁང་གི་གཡོན་ཕྱོགས་སུ་དཔེ་མཛོད་ཁང་ཡོད། དཔེ་མཛོད་ཁང་དུ་བཞུགས་པའི་གསུང་རབ་ཁག་ནི། ༡ རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་རིན་པོ་ཆེ། ༢ སྔ་འགྱུར་རྙིང་མ་རྒྱུད་འབུམ། ༣ རྙིང་མ་བཀའ་མ། ༤ རིན་ཆེན་གཏེར་མཛོད། ༥ བདུད་འཇོམས་རིན་པོ་ཆེའི་བཀའ་འབུམ། (པོད་དང་པོ་དང་གཉིས་པ།) ༦ ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་གསུང་འབུམ། ༧ པད་གླིང་གསུང་འབུམ། ༨ སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེའི་གསུང་འབུམ། ༩ འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་བཀའ་འབུམ། ༡༠ རཏྣ་གླིང་པའི་བཀའ་འབུམ། ༡༡ གཞན་ཡང་བླ་མ་ཁག་གི་གསུང་འབུམ།
འོག་ཐོག་ནི་སྤྲུལ་སྐུའི་ཞིང་ཁམས་སུ་འབོད་ཅིང་། དཀྱིལ་དུ་གཙོ་བོ་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་བརྙན་བཞུགས། དེའི་གཡས་ཕྱོགས་སུ་གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་བརྙན་དང་། དེའི་གཡས་མཐར་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་སྐུ་བརྙན་བཞུགས། སྟོན་པའི་གཡོན་ཕྱོགས་སུ་རྟ་མགྲིན་ཡང་ཁྲོས་ (རྟ་མགྲིན) དང་། དེའི་གཡོན་དུ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཕུར་པ་བཅས་བཞུགས།

བདུད་འདུལ་རབ་བརྟན་གླིང་གི་ཟུར་ཁ་རེ་རེ་བཞིན་བྱང་ཆུབ་ཞིང་ཁམས་ཀྱི་དམ་པའི་མཚོན་དོན་ལྟར་བཀོད་སྒྲིག་བྱས་ཡོད།

རྩ་ཆེའི་གནས།
གནས་མཆོག་འདིའི་དགེ་མཚན་ནི། བདུད་འདུལ་རབ་བརྟན་གླིང་དགོན་པ་ཆགས་པའི་ས་གནས་ནི་འཕགས་ཡུལ་རྒྱ་གར་གྱི་ཨོ་རྒྱན་མཁའ་འགྲོའི་གླིང་གི་ཁྲོད་དུ་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་སྤེལ་བའི་གནས་མཆོག་ཆེས་བྱིན་རླབས་ཅན་ཞིག་ཏུ་གྲགས།
བདུད་འདུལ་རབ་བརྟན་གླིང་ནི་རྒྱ་གར་ཨོ་ཌི་ཤཱའི་བོད་མིའི་གཞིས་ཆགས་ཕུན་ཚོགས་གླིང་གི་གཞིས་གྲོང་གསུམ་པར་ཕྱག་བཏབ་ཅིང་། དགོན་པ་འདིའི་ལྷོ་ཕྱོགས་སུ་གནས་མཆོག་རྡོ་རྗེ་ཕག་མོའི་རི་བོ་དང་། ནུབ་ཕྱོགས་སུ་རྒྱལ་བ་རིགས་གསུམ་མགོན་པོའི་རི་བོ་རྣམས་ཀྱིས་ཡོངས་སུ་བསྐོར་ནས་ཡོད།
གནས་མཆོག་འདིའི་དགེ་མཚན་ནི། བདུད་འདུལ་རབ་བརྟན་གླིང་དགོན་པ་ཆགས་པའི་ས་གནས་ནི་འཕགས་ཡུལ་རྒྱ་གར་གྱི་ཨོ་རྒྱན་མཁའ་འགྲོའི་གླིང་གི་ཁྲོད་དུ་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་སྤེལ་བའི་གནས་མཆོག་ཆེས་བྱིན་རླབས་ཅན་ཞིག་ཏུ་གྲགས། བདུད་འདུལ་རབ་བརྟན་གླིང་ནི་རྒྱ་གར་ཨོ་ཌི་ཤཱའི་བོད་མིའི་གཞིས་ཆགས་ཕུན་ཚོགས་གླིང་གི་གཞིས་གྲོང་གསུམ་པར་ཕྱག་བཏབ་ཅིང་། དགོན་པ་འདིའི་ལྷོ་ཕྱོགས་སུ་གནས་མཆོག་རྡོ་རྗེ་ཕག་མོའི་རི་བོ་དང་། ནུབ་ཕྱོགས་སུ་རྒྱལ་བ་རིགས་གསུམ་མགོན་པོའི་རི་བོ་རྣམས་ཀྱིས་ཡོངས་སུ་བསྐོར་ནས་ཡོད། དགོན་པ་འདི་ནི་རྩ་བའི་བླ་མ་ཆེན་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་མཆོག་གི་གདན་ས་གཙོ་བོ་དང་བདུད་འདུལ་རབ་བརྟན་གླིང་ཞེས་པའི་མཚན་གྱིས་ཡོངས་སུ་གྲགས་སོ། །