སྤྱི་ལོ་ ༢༠༢༦ ཟླ་ ༡༠ པ།
༈ སྤྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༢༡ དང་། བོད་ཟླ་ ༩ ཚེས་ ༡༠ ཉིན། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སམ་གུ་རུ་རིན་པོ་ཆེའི་ཚེས་བཅུ་དུས་ཆེན་དང་འབྲེལ་ནས། སྤྱི་ནོར་གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། དེ་བཞིན་རིས་མེད་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་བརྟན་པའི་ཆེད་དུ་དམིགས་ཏེ། འདི་ག་སྔ་འགྱུར་བདུད་འདུལ་རབ་བརྟན་གླིང་གི་སློབ་དཔོན་དང་དགེ་འདུན་འདུས་ཚོགས། གཞིས་གྲོང་ཁག་གི་དགོན་སྡེ་ཁག་གི་སློབ་དཔོན་དང་། བཙུན་པ། བཙུན་མ། མི་མང་བཅས་ཀྱིས་མཁའ་མཉམ་སེམས་ཅན་ཐམས་ཅད་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་། ཁྱད་པར་དུ་འཛམ་གླིང་ཡུལ་གྲུ་ཁག་གི་དམག་འཁྲུག་སོགས་ཞི་ཞིང་། འགྲོ་ཀུན་རྟག་ཏུ་ཕུན་སུམ་ཚོགས་པའི་བདེ་བ་ལ་སྤྱོད་ཐུབ་པའི་སྨོན་ལམ་གྱི་ཆེད་དུ་དམིགས་ཏེ། མར་མེ་སྨོན་ལམ་གསུང་བཞིན་པའི་བརྙན་པར་འགའ་ཞིག་སྤྱན་ལམ་དུ་འབུལ།
ཞལ་འདེབས་དང་མཆོད་འབུལ་གནང་མཁན་རྣམས་ལ་དགའ་བསུ་ཞུའོ།། 🙏




