ཚོགས་གཙོ་དང་པོ · རྡོ་རྗེ་སློབ་དཔོན་དང་པོ།

ལྕགས་མདུད་སྤྲུལ་སྐུ་རིན་པོ་ཆེ།

ལྕགས་མདུད་སྤྲུལ་སྐུ་རིན་པོ་ཆེའི་སྐུ་པར།

ལྕགས་མདུད་སྤྲུལ་སྐུ་རིན་པོ་ཆེ་མཆོག་ནི་ཕྱི་ལོ་ ༡༩༣༠ ལོར་བོད་ཤར་ཕྱོགས་ཁམས་ཁྲོམ་ཐར་ས་ཁུལ་དུ་སྐུ་བལྟམས་ཤིང་། མཚན་ལ་པདྨ་གར་གྱི་དབང་ཕྱུག་ཅེས་གསོལ། ཁོང་གི་ཡབ་ནི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་བླ་མ་སེ་ར་མཁར་སྟོད་སྤྲུལ་སྐུ་ཡིན་པ་དང་། ཡུམ་ནི་ས་སྐྱའི་གདུང་བརྒྱུད་ལས་ཆད་ཅིང་སྒྲོལ་མའི་རྣམ་སྤྲུལ་དུ་ཡོངས་སུ་གྲགས་པའི་འདས་ལོག་ཟླ་བ་སྒྲོལ་མ་ལགས་རེད། ཡུམ་གྱིས་རིན་པོ་ཆེ་མཆོག་གི་ཆོས་ཕྱོགས་ཀྱི་སྐུ་ཚེའི་ཐོག་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད།

ཁོང་དགུང་ལོ་གསུམ་ལ་ཕེབས་སྐབས། ལྕགས་མདུད་སྤྲུལ་སྐུ་རིན་པོ་ཆེ་མཆོག་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་། དེ་ནས་མ་འགྱངས་པར་བསྟན་འཕེལ་དགོན་དུ་ཆིབས་བསྒྱུར་གནང་ཞིང་ཁྲོམ་ཐར་ནས་དགོན་པ་དེ་རུ་རྟ་བཞོན་ཏེ་ཉིན་གཉིས་གསུམ་ཙམ་བསྐྱོད་དགོས། དགོན་པ་དེར་དགེ་བའི་བཤེས་གཉེན་མང་པོ་བསྟེན་ཏེ་གདམས་ངག་དང་། དབང་། ལུང་བཅས་མང་པོ་གསན། ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་གིས་ཁོང་ལ། སྒྲོལ་མའི་ཉམས་ལེན་ནི་ཁོང་གི་ཉམས་ལེན་གྱི་གཙོ་བོ་ཞིག་ཏུ་འགྱུར་རྒྱུ་རེད་ཅེས་གསུངས། ཕྱི་ལོ་ ༡༩༤༥ ལོར་ལོ་གསུམ་གྱི་མཚམས་ཐོག་མ་དེ་གྲོལ་མ་ཐག་ཏུ། ཁོང་རྫོང་གསར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མཆོག་མཇལ་བར་ཕེབས། ལྕགས་མདུད་སྤྲུལ་སྐུ་མཆོག་གིས་ཁོང་གི་དྲུང་ནས་རིན་ཆེན་གཏེར་མཛོད་ཀྱི་དབང་ལུང་ཡོངས་རྫོགས་གསན་ཅིང་། སྐབས་དེར་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་ཀྱང་མཇལ་ལ་ཁོང་ཡང་དབང་ཞུ་བར་ཕེབས་པ་ཡིན་འདུག ཕྱི་ལོ་ ༡༩༤༦ ལོར་ལྕགས་མདུད་སྤྲུལ་སྐུ་རིན་པོ་ཆེ་མཆོག་གིས་ཁྲོམ་དགེ་དྲུང་པ་རིན་པོ་ཆེའི་ལམ་སྟོན་འོག་ལོ་གསུམ་གྱི་མཚམས་ཐེངས་གཉིས་པ་དེ་དབུ་བཙུགས། མཚམས་གྲོལ་ལ་ཉེ་བའི་སྐབས་སུ། ཁྲོམ་དགེ་དྲུང་པ་རིན་པོ་ཆེ་སྐུ་གཤེགས་པའི་རྐྱེན་གྱིསལྕགས་མདུད་སྤྲུལ་སྐུ་མཆོག་མཚམས་མ་རྫོགས་གོང་གྲོལ་དགོས་བྱུང་། ཁོང་ཉག་རོང་ཆ་གདུགས་དགོན་དུ་ཕྱིར་ཕེབས་ཏེ་དེར་ཡུན་ཙམ་བཞུགས་རྗེས། གྲྭ་བ་ཆིབས་ཞབས་པ་སྐོར་ཞིག་དང་བཅས་ལྷ་སར་གནས་སྐོར་དུ་ཆིབས་བསྒྱུར་གནང་། དེ་ནས་སློབ་དཔོན་པདྨས་ཕྱག་བཏབ་པའི་བསམ་ཡས་དགོན་དུ་ཡུན་རིང་མཚམས་ལ་བཞུགས། དེའི་རྗེས་སུ་ཁོང་གི་རྩ་བའི་བླ་མ་དང་ཆོས་ཕྱོགས་ནས་ཁོང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ས། ༧སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་མཆོག་གི་དྲུང་དུ་དབང་ལུང་ཞུས། ཕྱི་ལོ་ ༡༩༥༧ གྱི་ནང་དུ་ལྕགས་མདུད་སྤྲུལ་སྐུ་མཆོག་ལྷ་སར་བཞུགས་ཤིང་། ཁོང་གིས་རྩ་བའི་བླ་མར་འཛིན་པའི་མཁན་པོ་རྡོ་རྗེ་མཆོག་དང་གཟིམ་ཤག་གཅིག་པར་བཞུགས། ཁོང་གི་བླ་མ་གཞན་དག་ནི་ཞེ་ཆེན་ཀོང་སྤྲུལ་དང་། སྤྲུལ་སྐུ་ཨ་རིག ༧སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་མཆོག་བཅས་ཡིན།

ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་རྗེས། ལྕགས་མདུད་སྤྲུལ་སྐུ་རིན་པོ་ཆེ་མཆོག་མཁན་པོ་རྡོ་རྗེ་དང་ལྷན་དུ་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་ཤིང་ལམ་དུ་ལྟོགས་སྐོམ་དང་ཉེན་ཁ་མང་པོ་བརྒྱུད་ལ་རྒྱ་དམག་གིས་འཛིན་བཟུང་བྱེད་ལ་ཉེ་བ་ཡང་མང་པོ་བྱུང་། ཁོང་གི་བྲོས་བྱོལ་སྐབས་བོད་ཀྱི་པདྨ་བཀོད་ས་ཁུལ་བརྒྱུད་དེ་ཕེབས་ཤིང་། ཁོང་གི་ཕེབས་རོགས་ཚོགས་པ་དེ་ཉིད་ན་ག་ལེན་ཌི་མངའ་སྡེ་བརྒྱུད་རྒྱ་གར་གྱི་ནང་དུ་འབྱོར། ལྕགས་མདུད་སྤྲུལ་སྐུ་མཆོག་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་འདྲ་མིན་དུ་བཞུགས། དེ་དག་ནི་ཀ་ལིམ་པོང་དང་། ཨོ་ཌི་ཤ། ཌལ་ཧོ་སི། སྦིར། ཧི་མ་ཅལ་མངའ་སྡེ། དེ་བཞིན་ལྡི་ལི་བཅས་རེད། ཁོང་བོད་ཀྱི་གསོ་བ་རིག་པའི་ནང་མཉམ་ཞུགས་གནང་ལ་དེ་ནི་ཕན་ཐོག་ཆེན་པོ་བྱུང་། གང་ཡིན་ཞེ་ན་ཁོང་དང་རིགས་རྒྱུད་གཅིག་པའི་བོད་རིགས་བཙན་བྱོལ་བ་མང་པོ་ཚ་བ་དང་ནད་ཡམས་ཀྱི་དཀའ་ངལ་ཆེན་པོ་བྱུང་བར་ཁོང་གིས་སྨན་བཅོས་གནང་ནས་ཕན་ཐོག་ཧ་ཅང་མང་པོ་བྱུང་། རྒྱ་གར་དུ་ཕེབས་ནས་ལོ་གཅིག་གཉིས་ཤིག་གི་རྗེས་སུ། རིན་པོ་ཆེ་མཆོག་ཧི་མ་ཅལ་མངའ་སྡེའི་མན་ཌི་གྲོང་ཁྱེར་ཉེ་འགྲམ་དུ་ཆགས་པའི་སློབ་དཔོན་པདྨའི་གནས་མཆོག་མཚོ་པདྨར་མཚམས་ལ་བཞུགས། མཚོ་པདྨར་ཁོང་བྱང་ཆུབ་རྡོ་རྗེ་མཆོག་དང་མཇལ་ལ་ཁོང་ནི་ཨ་ཕང་གཏེར་སྟོན་གྱི་སློབ་མ་གཙོ་བོ་དང་། གཏེར་སྟོན་སྒྲོལ་དམར་གྱི་བརྒྱུད་པ་འཛིན་མཁན་ཡིན། བྱང་ཆུབ་རྡོ་རྗེ་མཆོག་གིས་ཁོང་ལ་སྒྲོལ་དམར་གྱི་དབང་ལུང་ཡོངས་རྫོགས་གནང་། ལྕགས་མདུད་སྤྲུལ་སྐུ་མཆོག་སླར་ཡང་མཚམས་ལ་བཞུགས་ཤིང་། ཉམས་ལེན་གྱི་གྲུབ་པའི་རྟགས་མཚན་རྣམས་ཧ་ཅང་མྱུར་པོ་བྱུང་། ཕྱིས་སུ་ཁོང་གིས་ནུབ་ཕྱོགས་སུ་ཆོས་གསུང་འགོ་ཚུགས་ལ། སྒྲོལ་དམར་གྱི་སྒྲུབ་ཐབས་འདི་ཉིད་ཁོང་གི་ནུབ་ཕྱོགས་པའི་སློབ་མ་རྣམས་ཀྱི་ཉམས་ལེན་གྱི་གཙོ་བོར་གྱུར།

ཧི་མ་ཅལ་མངའ་སྡེའི་ཀུ་ལུ་མ་ན་ལི་རུ་གསུང་ཆོས་ཤིག་བསྩལ་རྗེས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རིན་པོ་ཆེ་ཨ་རིར་ཆོས་གསུང་དུ་ཕེབས་པའི་རེ་སྐུལ་གནང་། སྐབས་དེར་མཐོང་མཆན་མགྱོགས་པོ་རག་ཆེད་ལྕགས་མདུད་སྤྲུལ་སྐུ་མཆོག་ལྡི་ལིར་གནས་སྤོས་གནང་སྟེ་ཡ་མུ་ན་གཙང་པོའི་འགྲམ་གྱི་བོད་མིའི་གཞིས་སྡོད་མ་ཇ་ནུ་ཀ་ཏི་ལ་རུ་བཞུགས། མཐོང་མཆན་ཞུ་བའི་བརྒྱུད་རིམ་དེ་ལོ་གསུམ་ཙམ་འགོར་ཡང་མཐའ་མར་ལམ་ལྷོངས་མ་བྱུང་། དུས་ཡུན་འདིའི་ནང་རིན་པོ་ཆེ་མཆོག་ཁོང་གི་ནུབ་ཕྱོགས་ཀྱི་སློབ་མ་རྣམས་དང་ཐོག་མ་མཇལ་འཕྲད་བྱུང་། རིན་པོ་ཆེ་མཆོག་ལ་འདར་ཚད་དམ་དུག་སྦྲང་ན་ཚ་ཕོག་སྟེ་སྐུ་སྲོག་ལའང་ཉེན་ཁ་ཡོད་པའི་གནས་སུ་གྱུར། མཐའ་མར་རྒྱ་གར་གྱི་སྨན་པ་ཞིག་གིས་ཁོང་གི་ནད་གཞི་མ་ནོར་བར་ངོས་འཛིན་ཐུབ་པ་བྱུང་ནས་སྐུ་སྲོག་ལ་གནོད་པ་མ་བྱུང་།

ཕྱི་ལོ་ ༡༩༧༧ ལོའི་སྟོན་ཁར། ༧སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་མཆོག་གིས་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་གྲུར་མི་རབས་གསར་པ་རྣམས་ལ་གསང་སྔགས་ཀྱི་བརྒྱུད་པ་སྤེལ་བའི་ཆེད་དུ་དབང་ལུང་གི་བཀའ་ཆོས་བསྩལ། ལྕགས་མདུད་སྤྲུལ་སྐུ་རིན་པོ་ཆེ་མཆོག་༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་དྲུང་ནས་བདུད་འཇོམས་གཏེར་གསར་ཀྱི་དབང་ལུང་ཡོངས་རྫོགས་ཞུ་བའི་ཆེད་དེར་ཕེབས་རྒྱུའི་ཐུགས་ཐག་བཅད། དབང་ལུང་ཞུ་མཁན་གྱི་སྤྲུལ་སྐུ་དང་། མཁས་པ། རྣལ་འབྱོར་པ། ཁྱིམ་པ་ཉམས་ལེན་པ་བཅས་བརྒྱ་ཕྲག་མང་པོ་བལ་ཡུལ་ཀཐ་མན་གྲུ་ཏུ་སལ་དུ་ཡོད་པའི་༧སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་རྡོ་རྗེ་མཆོག་གི་དགོན་པ་ཨོ་རྒྱན་མདོ་སྔགས་ཆོས་གླིང་དུ་འདུས། ཕྱི་ལོ་ ༡༩༧༨ ལོའི་བར་རིན་པོ་ཆེ་མཆོག་མུ་མཐུད་བལ་ཡུལ་དུ་བཞུགས་ཏེ། སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་བསྩལ་བའི་མཆོག་གླིང་གཏེར་གསར་གྱི་དབང་ལུང་རིམ་པ་གསར་པ་རྣམས་ཞུས། དབང་ལུང་ཞིག་ལ་བཅར་བའི་སྐབས་སུ་ནུབ་ཕྱོགས་ཀྱི་བུད་མེད་ཇཱེན་ཌེཌ་མན་ ༼ཕྱིས་སུ་ལྕགས་མདུད་མཁའ་འགྲོ་རུ་གྱུར༽ ལགས་ཀྱིས་ལྕགས་མདུད་རིན་པོ་ཆེའི་དྲུང་དུ་མཇལ་དར་དཀར་པོ་ཞིག་དང་སྦྲང་རྩིའི་ཤེལ་བུམ་ཞིག་འབུལ། དེའི་རྗེས་སུ་རིན་པོ་ཆེ་མཆོག་གིས་ཁོང་མོ་ཉིན་གུང་གི་ཞལ་ལག་ལ་གདན་ཞུ་གནང་ཞིང་། དེ་ནས་མ་འགྱངས་པར་མོ་ལ་ཆོས་འགའ་ཡང་བསྩལ། ཟླ་བ་གཅིག་ཙམ་གྱི་རྗེས་སུ། དབང་ལུང་རྫོགས་རྗེས་རིན་པོ་ཆེ་མཚམས་ལ་བཞུགས་གཏན་ཁེལ་ཞིང་སྐབས་དེར་ཁོང་མོས་རིན་པོ་ཆེ་ལ་མཚམས་སྒྲུབ་སྐབས་ཞབས་ཕྱི་ཞུ་རྒྱུའི་རེ་འདུན་ཞུས་པ་དེ་རིན་པོ་ཆེ་མཆོག་གིས་ཞལ་བཞེས་གནང་། མཚམས་ཟླ་བ་ཁ་ཤས་རིང་བཞུགས་ཤིང་། དེའི་རྗེས་སུ་༧སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་མཆོག་གིས་ལྕགས་མདུད་རིན་པོ་ཆེ་ཨ་རིར་ཆོས་གསུང་དུ་ཕེབས་དགོས་པའི་བཀའ་སློབ་ལམ་སྟོན་བསྩལ། ཟླ་བ་མང་པོར་སྒུག་རྗེས་མཐའ་མར་ཁོང་ལ་མཐོང་མཆན་ཐོབ་སྟེ། ཕྱི་ལོ་ ༡༩༧༩ ལོའི་ཟླ་ ༡༠ ཚེས་ ༢༤ ཉིན་སན་ཧྥན་སིས་ཀོ་རུ་ཞབས་སོར་འཁོད།

ཕྱི་ལོ་ ༡༩༩༢ ལོར། ལྕགས་མདུད་རིན་པོ་ཆེ་མཆོག་ལ་བྷྲ་ཟིལ་དུ་ཆོས་གསུང་རྒྱུའི་གདན་ཞུ་འབྱོར་ཞིང་། དེ་ནི་ལྷོ་ཨ་མེ་རི་ཀའི་ནང་དམ་པའི་ཆོས་ཀྱི་ས་བོན་འདེབས་མཁན་ཐོག་མ་རེད། ཕྱི་ལོ་ ༡༩༩༠ ནང་དུ་ཁོང་གིས་ཆོས་ཀྱི་མཛད་རིམ་མང་པོ་བསྐྱངས་པ་དང་། ཁོང་གི་སློབ་མ་རྒན་གྲས་འགའ་ཤས་ལོ་གསུམ་གྱི་མཚམས་ལ་བཞག་གནང་བར་མ་ཟད། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་ཆ་གདུགས་དགོན་པའི་ཆོས་ཚོགས་མང་པོ་གསར་འཛུགས་གནང་། ཨ་རི་དང་། བྷྲ་ཟིལ། ཅི་ལི། ཨུ་རུ་གུ་ཝེ། སུད་སི། ཨོ་སི་ཊྲེ་ལི་ཡ་བཅས་ཀྱི་ནང་ལྕགས་མདུད་སྤྲུལ་སྐུ་མཆོག་གི་ལམ་སྟོན་དང་ཐུགས་སྐྱེད་འོག་ཆོས་ཚོགས་སུམ་ཅུ་སོ་བརྒྱད་ལྷག་ཡོད། དེ་དག་གི་ནང་ནས་ཡོངས་སུ་གྲགས་པ་ནི་ཨ་རིའི་ཁ་ལི་ཕོར་ནི་ཡའི་ཇངྐ་ཤན་གྲོང་ཁྱེར་དུ་ཡོད་པའི་རིག་འཛིན་གླིང་དང་། བྷྲ་ཟིལ་གྱི་ཏྲེས་ཁོ་རོ་ཨས་སུ་ཡོད་པའི་མཁའ་འགྲོ་གླིང་ཆོས་ཚོགས་ཏེ་བྷྲ་ཟིལ་དུ་ཡོད་པའི་ལྕགས་མདུད་དགོན་པའི་གདན་ས་གཙོ་བོ་རེད། ལྕགས་མདུད་རིན་པོ་ཆེ་མཆོག་གིས་རྒྱ་ཆེ་བའི་ཆོས་ཀྱི་མཛད་པ་མུ་མཐུད་བསྐྱངས་ཡང་། སྐུ་ཚེའི་སྨད་ཀྱི་ལོ་ཤས་རིང་གཅིན་སྙི་ཟ་ཁུའི་སྙུང་གཞིའི་རྐྱེན་གྱིས་མཛད་རིམ་ཁག་ཅུང་ཉུང་དུ་ཕྱིན། ཕྱི་ལོ་ ༡༩༩༧ ལོར་ཁོང་ལ་སྙིང་ནད་ཚབས་ཆེན་ཡོད་པའི་ནད་རྟགས་ཐོན། ཁོང་གི་སྐུ་ཚེའི་མཐའ་མའི་ལོ་ཤས་ནང་། རིན་པོ་ཆེ་མཆོག་གི་སྐུ་ཕུང་གི་གནས་སྟངས་རྐྱེན་གྱིས་ཕྱི་རོལ་གྱི་མཛད་འཕྲིན་ཁག་ཁག་པོར་གྱུར། ཁོང་སྐུ་ངལ་སླ་བ་དང་འགྲུལ་བཞུད་གནང་རྒྱུ་ཁག་པོར་གྱུར། ཕྱི་ལོ་ ༢༠༠༢ ལོར་ཨ་རིར་ཕེབས་རྒྱུའི་མཛད་རིམ་ཕྱིར་བཤོལ་གནང་། དེའི་ཚབ་ཏུ་མཚམས་ལ་བཞུགས། སྐུ་ཚེའི་བདུན་ཕྲག་མཐའ་མའི་ནང་། ཕྱི་ལོ་ ༢༠༠༢ ཟླ་ ༡༡ ཚེས་ ༡༢ གཟའ་མིག་དམར་ཉིན་ཁོང་གི་མཚམས་གྲོལ་བར་མཛད་ཅིང་། སློབ་མ་ལྷ་བཟོ་བ་ཞིག་དང་ལྷན་དུ་འོད་དཔག་མེད་ཀྱི་སྐུ་བརྙན་ཞིག་བཞེངས་གྲུབ་གནང་། སློབ་མ་མང་པོ་དང་ཞལ་བརྡ་གནང་བར་མ་ཟད། མི་གྲངས་སུམ་བརྒྱ་ལྷག་ལ་འཕོ་བའི་ཉམས་ལེན་གྱི་སློབ་ཁྲིད་གནང་། ཁོང་གིས་ཟླ་ ༡༡ ཚེས་ ༡༦ གཟའ་སྤེན་པའི་དགོང་མོ་ཆུ་ཚོད་ ༩:༠༠ ཙམ་གྱི་བར་དུ་ཐུགས་སྟོབས་ཆེན་པོས་ཆོས་ཁྲིད་མུ་མཐུད་བསྩལ། དེ་ནས་ཚེས་ ༡༧ གཟའ་ཉི་མའི་ཞོགས་པ་བྷྲ་ཟིལ་གྱི་ཉིན་མོའི་ཆུ་ཚོད་ ༤:༡༥ ཙམ་ལ། གཟིམ་ཁྲིར་བཞུགས་བཞིན་པའི་སྐབས་སྙིང་གི་བྱེད་ལས་ཆད་དེ་ཞི་བར་གཤེགས། ཁོང་ཞི་བར་གཤེགས་རྗེས་ཉིན་ལྔ་ལྷག་གི་རིང་ལ་སྐུ་ཕུང་ལ་སྐྱོན་གང་ཡང་མ་བྱུང་བར་ཐུགས་དམ་གྱི་ངང་དུ་བཞུགས། དེའི་རྗེས་སུ་སྐུ་ཕུང་བྷྲ་ཟིལ་ནས་བལ་ཡུལ་དུ་གདན་དྲངས་ཏེ་སྐུ་གདུང་ཞུགས་འབུལ་ཞུས་སོ།

arrow_backཕྱིར་ལོག རྡོ་རྗེ་སློབ་དཔོན།