གནས་སྐབས་ཀྱི་རྡོ་རྗེ་སློབ་དཔོན།

མཁན་ཆེན་སྤྲུལ་སྐུ་ཤེལ་དཀར་རིན་པོ་ཆེ།

Portrait of Khenchen Tulku Shekar Rinpoche

མཁན་སྤྲུལ་ཤེལ་དཀར་རིན་པོ་ཆེས་བླ་མ་ཤེས་རབ་རིན་པོ་ཆེ་སྐུ་གཤེགས་རྗེས་བླ་མའི་ལས་ཚབ་གནང་།

སྤྲུལ་སྐུ་ཤེལ་དཀར་རིན་པོ་ཆེའམ་འཇམ་སྤྲུལ་རིན་པོ་ཆེ་ནི་ཕྱི་ལོ་ ༡༩༡༠ ལོར་བོད་མདོ་སྟོད་ནང་ཆེན་སྟག་ཚེར་དཔོན་ཚང་དུ་སྐུ་འཁྲུངས། ཡབ་ཀྱི་མཚན་ལ་སྟག་སར་ཀུན་དགའ་བསྟན་དར་དང་། ཡུམ་གྱི་མཚན་ལ་དཔོན་བཟའ་དཀར་མཛེས་ལྷ་མོ་ཞུ། ཁོང་ཉིད་དཔལ་ཡོན་དམ་པ་གྲུབ་དབང་བཀྲ་ཤིས་ཆོས་འཕེལ་གྱིས་འཇམ་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་གསུམ་པར་ངོས་འཛིན་གནང་། སྤྲུལ་སྐུ་ཤེལ་དཀར་རིན་པོ་ཆེ་ཆུང་དུས་ཀྱི་སློབ་དཔོན་བློ་གྲོས་བསྟན་འཛིན་ཡིན། དགུང་ལོ་བཅུ་གསུམ་གྱི་ཐོག་ལྷ་རྩེ་ཡིད་ཆོས་སྡེར་ཕེབས་ཤིང་། དེར་སྔགས་པའི་བླ་མ་མཁན་ཆེན་པདྨ་རྣམ་རྒྱལ་ལས་རྙིང་མའི་འདོན་ཆོག་དང་ཆོ་ག་ཕྱག་ལེན་རྣམས་གསན། སྤྲུལ་སྐུ་ཤེལ་དཀར་རིན་པོ་ཆེ་ནི་མདོ་སྔགས་གཉིས་ཀ་དང་། ལྷ་བྲིས། བོད་ཀྱི་ཐུན་མོང་མ་ཡིན་པའི་བཟོ་རིག གར་འཆམ་སོགས་ལ་མཁས་པར་གྱུར་ཅིང་། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་དེབ་ཅིག་ཀྱང་རྩོམ་སྒྲིག་གནང་། ཁོང་གིས་རི་ཁྲོད་དུ་ལོ་ཤས་རིང་སྐུ་མཚམས་དང་སྒྲུབ་པ་མཛད། སྐུ་མཚམས་གྲོལ་རྗེས་ས་ཕྱོགས་གང་སར་དམ་པའི་ཆོས་གསུང་དུ་ཕེབས། ཀུན་བཟང་མདོ་སྔགས་གླིང་དང་། རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེའི་དགོན་པ་སྒོམ་ཆེན་གྲྭ་ཚང་ཨོ་རྒྱན་གླིང་བཅས་སུ་ལོ་མང་རིང་ཆོས་ཁྲིད་གནང་།

ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ཏེ་ཨོ་ཌི་ཤཱའི་བདུད་འདུལ་རབ་བརྟན་གླིང་དགོན་པར་གཞི་ཆགས། ཁོང་ཉིད་དགོན་པ་དེའི་གཙོ་འཛིན་ལས་ཚབ་གནང་། ལོ་གཅིག་དང་ཕྱེད་ཀའི་རིང་དགོན་པར་ཞབས་ཞུ་དང་ཡར་རྒྱས་ཀྱི་མཛད་པ་བསྐྱངས།

arrow_backཕྱིར་ལོག རྡོ་རྗེ་སློབ་དཔོན།