ཚོགས་གཙོ་གཉིས་པ་དང་རྡོ་རྗེ་སློབ་དཔོན་བཞི་པ།

སྐོང་སྤྲུལ་ཚེ་འཕེལ་རིན་པོ་ཆེ།

ཀོང་སྤྲུལ་ཚེ་འཕེལ་རིན་པོ་ཆེའི་སྐུ་པར།

སྤྲུལ་སྐུ་ཚེ་འཕེལ་མཆོག་ནི་ཕྱི་ལོ་ ༡༩༢༦ ལོར་བོད་ཀྱི་ཀོང་པོ་བུ་ཆུ་བདེ་ཆེན་སྟེང་དུ་ངོ་མཚར་བའི་རྟགས་མཚན་དུ་མ་དང་བཅས་སྐུ་བལྟམས། ཁོང་གི་ཡབ་ནི་ཡབ་ཆོས་འཕེལ་དང་ཡུམ་ནི་ཡུམ་སངས་རྒྱས་ལགས་རེད། སྤྲུལ་སྐུ་ཚེ་འཕེལ་མཆོག་སྨིན་གླིང་ཁྲི་རབས་བཅུ་པ་འགྱུར་མེད་དོན་གྲུབ་དབང་རྒྱལ་མཆོག་གིས་རང་འབར་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་གནང་། དགུང་ལོ་ལྔ་ནས་བཟུང་། སྤྲུལ་སྐུ་མཆོག་གིས་ཀོང་པོ་སྨད་ཀྱི་རིག་འཛིན་རྒྱ་གླིང་སྒྲུབ་ཕུག་དགོན་པ་རུ་སྤྲུལ་སྐུ་འཇིགས་མེད་ཆོས་དབྱིངས་ནོར་བུའི་དྲུང་ནས་འབྲི་ཀློག་གི་རྨང་གཞི་དང་། རྒྱལ་རབས་ལོ་རྒྱུས། སུམ་རྟགས་བཅས་ལ་སློབ་གཉེར་དབུ་བཙུགས། དགུང་ལོ་བཅུ་བཞི་ནས་བཟུང་སྨིན་གྲོལ་གླིང་དགོན་པར་སློབ་གཉེར་གནང་སྟེ། རྙིང་མའི་ཆོས་བརྒྱུད་ཀྱི་གཞུང་ལུགས་གསན་བསམ་མཐར་ཕྱིན་པར་མཛད།

སྤྲུལ་སྐུ་ཚེ་འཕེལ་མཆོག་གིས་སློབ་གཉེར་མཐར་ཕྱིན་པ་གནང་རྗེས་ཀོང་པོར་ཕྱིར་ཕེབས་པ་དང་། སྐབས་དེར་སྔོན་གྱི་ལས་དང་སྨོན་ལམ་གྱི་འབྲས་བུ་དུས་སུ་སྨིན་པ་ལས། ཁོང་གི་ཡབ་ཡུམ་གཉིས་ཀྱིས་རྩ་བའི་བླ་མ་༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་ཐོག་མར་མཇལ། ཁོང་ཚོས་རང་གི་སྲས་འདི་ཉིད་༧སྐྱབས་རྗེ་གོང་མ་མཆོག་ལ་ཕུལ། སྤྲུལ་སྐུ་ཚེ་འཕེལ་མཆོག་སྨིན་གླིང་གི་གྲྭ་པ་ཡིན་པའི་རྐྱེན་གྱིས། སྨིན་གླིང་གཅུང་རིན་པོ་ཆེ་མཆོག་གིས་ཆོག་མཆན་དང་རྒྱབ་སྐྱོར་གནང་དགོས་པས། ཁོང་གིས་ཐུགས་དགྱེས་ཚོར་ཆེན་པོས་རྒྱབ་སྐྱོར་གནང་བ་བཞིན་༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་གིས་ཀྱང་ཞལ་བཞེས་གནང་། སྤྲུལ་སྐུ་མཆོག་གིས་ལོ་ངོ་བཅུ་གཉིས་རིང་༧སྐྱབས་རྗེ་རིན་པོ་ཆེའི་ཞབས་ཕྱི་ཞུས་ཤིང་། ༧སྐྱབས་རྗེ་མཆོག་གང་དུ་ཆིབས་བསྒྱུར་བསྐྱངས་པ་དེ་དག་ཏུ་ཕེབས། དེའི་རྐྱེན་གྱིས་ཁོང་ལ་དབང་དང་། ལུང་། གདམས་པ་རྒྱ་ཆེན་པོ་མང་པོ་ཐོབ། ༧སྐྱབས་རྗེ་རིན་པོ་ཆེའི་བཀའ་སློབ་ལམ་སྟོན་བཞིན་སྤྲུལ་སྐུ་མཆོག་གིས་སྔོན་འགྲོ་འབུམ་ལྔ་ཐེངས་གསུམ་བསགས་གནང་མཛད། སྔོན་འགྲོ་ཐེངས་གསུམ་པ་གནང་བའི་སྐབས་སུ་སྤྲུལ་སྐུ་མཆོག་ལ་གྲུབ་པའི་རྟགས་མཚན་སྣ་ཚོགས་ཤར་བས། དེའི་རྗེས་སུ་༧སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་སྔོན་འགྲོའི་ཉམས་ལེན་ལམ་ལྷོངས་བྱུང་ཞིང་མཐར་ཕྱིན་པ་རེད་ཅེས་བཀའ་བསྩལ།

བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་པའི་རྐྱེན་གྱིས། སྤྲུལ་སྐུ་ཚེ་འཕེལ་མཆོག་རང་གི་རྩ་བའི་བླ་མ་དང་ཞལ་བྲལ་དགོས་བྱུང་། འོན་ཀྱང་སྤྲུལ་སྐུ་མཆོག་བོད་ནས་བྲོས་བྱོལ་དུ་ཕེབས་ཏེ་རྒྱ་གར་ལ་འབྱོར་རྗེས། ༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་དང་སླར་ཡང་ཞལ་འཛོམས་བྱུང་། དེ་ནས་ཁོང་གིས་བསྐྱར་དུ་༧སྐྱབས་རྗེ་རིན་པོ་ཆེ་མཆོག་གི་ཞབས་ཕྱི་ཞུ་བའི་སྐལ་བ་ཐོབ། ༧སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་སྤྲུལ་སྐུ་ཚེ་འཕེལ་མཆོག་ལ་ཨོ་ཌི་ཤར་ཕེབས་ནས་ས་གནས་དེར་གཞི་ཆགས་དགོས་པའི་བཀའ་བསྩལ། དུས་དེ་ནས་བཟུང་སྐུ་གཤེགས་པའི་བར་དུ། སྤྲུལ་སྐུ་མཆོག་གིས་བདུད་འདུལ་རབ་བརྟན་གླིང་དགོན་པར་ཞབས་ཕྱི་ཞུས་ཏེ་ཨོ་ཌི་ཤར་བཞུགས། ཕྱི་ལོ་ ༡༩༧༥ ལོར་ཁོང་དགོན་པ་འདིའི་གཙོ་འཛིན་ལྔ་པར་བསྐོ་གཞག་གནང་། སྤྲུལ་སྐུ་ཚེ་འཕེལ་མཆོག་ནི་ལྷག་པར་དུ་སྐར་རྩིས་རིག་པ་དང་མོ་རྩིས་ཀྱི་སྐོར་ལ་མཁྱེན་རྒྱ་ཆེ་ཞིང་གནད་ལ་འཁེལ་བ་ཞིག་ཡིན་པས་ཡོངས་སུ་གྲགས། ཁོང་གིས་བསྔོ་སྨོན་དང་བྱིན་རླབས་གནང་བ་རྣམས་ཕན་ཐོགས་དང་ནུས་པ་ཆེན་པོ་ལྡན་པ་ཞིག་ཡིན་པར་ཀུན་གྱིས་ཤེས།

ཕྱི་ལོ་ ༡༩༩༧ ལོར། སྤྲུལ་སྐུ་ཚེ་འཕེལ་མཆོག་གིས་༧སྐྱབས་རྗེ་གཤེན་ཕན་ཟླ་བ་རིན་པོ་ཆེ་མཆོག་གདན་ཞུས་ཀྱིས་བཀའ་བསྡུར་གནང་སྟེ། བདུད་འདུལ་རབ་བརྟན་གླིང་དུ་ཐོག་མའི་བཤད་གྲྭ་དབུ་བརྙེས། ཐོག་མར་བཤད་གྲྭ་དེར་གྲྭ་པ་ཉེར་གཉིས་ཡོད་པ་ལས་མཐའ་མར་ཕལ་ཆེ་བ་དགོན་པ་ནས་ཐོན་ཏེ་ཕྱིན། ཕྱི་ལོ་ ༢༠༠༨ ལོར་སྤྲུལ་སྐུ་ཚེ་འཕེལ་མཆོག་གི་བཀའ་སློབ་ལམ་སྟོན་བཞིན། བླ་མ་བསོད་ནམས་བཀྲ་ཤིས་ལགས་ཀྱིས་གྲྭ་པ་གསར་པ་བཅོ་ལྔ་བསྡུ་རུབ་གནང་།

དུས་སྐབས་དེ་ཙམ་ལ་སྤྲུལ་སྐུ་ཚེ་འཕེལ་མཆོག་གི་སྐུ་གཟུགས་གནས་སྟངས་ཞན་དུ་ཕྱིན། ས་གནས་ཀྱི་བོད་མི་ཚོགས་པ་སྟེ་ཀོང་པོ་སྐྱིད་སྡུག་ཚོགས་པ་དང་། ཡེ་འཕེལ་ཚོགས་པ། པདྨ་བཀོད་ཚོགས་པ། གཞིས་ཆགས་གསུམ་པའི་མི་མངས་བཅས་དང་། ལྷག་པར་དུ་བདུད་འདུལ་རབ་བརྟན་གླིང་དགོན་པ་དང་དེའི་ཉེ་འགྲམ་དུ་ཆགས་པའི་ནམ་མཁའ་ཁྱུང་རྫོང་དགོན་པ་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུས། དེའི་རྗེས་སུ་སྤྲུལ་སྐུ་མཆོག་གི་སྐུ་གཟུགས་འཕྲོད་བསྟེན་ཡག་པོ་ཆགས་ཏེ་ལོ་གསུམ་རིང་སྐུ་འཚོ་བཞུགས་གནང་། ལོ་དེ་དག་གི་རིང་ལ། སྤྲུལ་སྐུ་མཆོག་གིས་ཡུན་རིང་ཞབས་ཕྱི་ཞུས་པའི་བླ་མ་བསོད་ནམས་བཀྲ་ཤིས་ལགས་ལ། དགོན་པའི་མ་འོངས་པའི་འཆར་གཞི་དང་རེ་བ་ཐམས་ཅད་ཞིབ་ཕྲ་བཀའ་སློབ་བསྩལ། ཞི་བར་མ་གཤེགས་པའི་ཟླ་བ་གསུམ་གྱི་གོང་དུ། སྤྲུལ་སྐུ་མཆོག་གིས་ཁོང་ཡུན་རིང་“བཞུགས་”ཀྱི་མིན་ཞེས་གསུངས། བོད་ཀྱི་ལོ་གསར་ཚེས་ལྔ་ (ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༥) ཉིན་སྤྲུལ་སྐུ་མཆོག་དགོངས་པ་རྫོགས་ཏེ་ཉིན་ལྔའི་རིང་ཐུགས་དམ་ལ་བཞུགས། ཐུགས་དམ་གྱི་ཉིན་ལྔ་པོའི་རིང་ལ་ཁོར་ཡུག་ཀུན་ཏུ་སྦྲང་ཆར་ཟིལ་མ་བབས་པ་ནི་བོད་ལུགས་སུ་“ཆར་པ་མེ་ཏོག་”ཅེས་པའི་རྟེན་འབྲེལ་བཟང་པོའི་རྟགས་ཤིག་རེད། སྤྲུལ་སྐུ་ཚེ་འཕེལ་མཆོག་ཞི་བར་གཤེགས་པའི་མཚན་མོ་ཐོག་མ་དེ་ནས་བཟུང་སྐུ་གདུང་ཞུགས་འབུལ་མ་ཞུས་ཀྱི་བར་དུ། ས་གནས་ཀྱི་མི་མངས་རྣམས་ལ་མཁའ་འགྲོ་མའི་གསུང་གླུ་རྒྱུན་ཆད་མེད་པར་གོ་ཐོས་བྱུང་། སྤྲུལ་སྐུ་མཆོག་གི་སྐུ་གདུང་ཞུགས་འབུལ་གྱི་མཛད་སྒོ་དེ་ཉིད་བོད་ཚེས་བཅུ་ཉིན་བསྐྱངས་ཤིང་། དེར་བླ་སྤྲུལ་དང་། དགེ་འདུན་གྱི་སྡེ། སེར་སྐྱ་མི་མངས་བཅས་ལྷན་རྒྱས་འདུ་འཛོམས་གནང་། ཞུགས་འབུལ་ཞུས་རྗེས་རིང་བསྲེལ་དུ་མ་དང་། ལྷག་པར་དུ་ད་ལྟའང་མཇལ་རྒྱུ་ཡོད་པའི་འཇའ་ཚོན་གྱི་མདོག་ཡོད་སྐུ་རུས་བཅས་བྱུང་། པདྨ་བཀོད་སྤྲུལ་སྐུ་རྒྱལ་སྲས་རིན་པོ་ཆེ་མཆོག་གིས་སྤྲུལ་སྐུ་ཚེ་འཕེལ་མཆོག་གི་ཡང་སྲིད་མྱུར་བྱོན་གྱི་གསོལ་འདེབས་གནང་དགོས་པའི་ལམ་སྟོན་བསྩལ་བ་བཞིན། བདུད་འདུལ་རབ་བརྟན་གླིང་དགོན་པ་ནས་ལྷག་བསམ་ཟོལ་མེད་ཀྱིས་གནང་ངོ་།

arrow_backཕྱིར་ལོག རྡོ་རྗེ་སློབ་དཔོན།