བླ་མ་རྡོ་རྗེ་རྣམ་རྒྱལ་རིན་པོ་ཆེ།

བླ་མ་རྡོ་རྗེ་རྣམ་རྒྱལ་རིན་པོ་ཆེ་ནི་བོད་ཁམས་སྟོད་རྡོར་ཤོལ་ཕོང་ཡི་ང་འབང་དུ་སྐུ་འཁྲུངས། ཡབ་ཀྱི་མཚན་ལ་བསོད་ནམས་དང་ཡུམ་གྱི་མཚན་ལ་སྐྱིད་མ་ཞུ། རིན་པོ་ཆེ་དགུང་ལོ་གཅིག་ལས་མ་ལོན་པའི་སྐབས་སུ་ཡབ་ཡུམ་གཉིས་ཀ་སྐུ་གཤེགས། དེ་ནས་བཟུང་གཅེན་མོ་ཞིག་གིས་གཉོར་སྐྱོང་གནང་། ཁོང་རྣམ་པ་གཉིས་ཀྱིས་སྐུ་ཚེའི་སྟོད་ལ་དཀའ་ངལ་མང་པོ་མྱངས་ཤིང་། རིན་པོ་ཆེས་རང་གི་གཅེན་མོར་ལས་འབྲས་ཀྱི་ཆོས་བཤད་དེ་སེམས་གསོ་གནང་བ་སོགས། དགུང་ལོ་ཆུང་ངུའི་དུས་ནས་བློ་གྲོས་དང་བསམ་ཤེས་ལྡན་པ་ཞིག་ཡིན།
རིན་པོ་ཆེ་རྙིང་མའི་གྲོང་མོ་དགོན་དུ་ཞུགས་ཏེ་ཡི་གེ་འབྲི་ཀློག་དང་། བརྡ་སྤྲོད། ནང་ཆོས་ཀྱི་ཆོ་ག་ཕྱག་ལེན་སོགས་ལ་སློབ་གཉེར་གནང་། རྗེས་སུ་དགོན་པ་དེ་རང་དུ་ལོ་གསུམ་གྱི་མཚམས་ལ་བཞུགས་ཏེ་རྫོགས་ཆེན་ལ་མཁས་པར་གྱུར། སྐུ་མཚམས་གྲོལ་རྗེས་བླ་མ་རྡོ་རྗེ་རྣམ་རྒྱལ་རིན་པོ་ཆེས་རང་གི་དྲིན་ཅན་ཡབ་ཡུམ་གཉིས་ཀྱི་བཀའ་དྲིན་གཟོ་ཆེད་དུ། དབུས་ལྷ་ལྡན་ཇོ་བོ་ལྷ་ཁང་དུ་ཟླ་བ་དྲུག་གི་རིང་ཕྱག་འཚལ་བཞིན་གནས་སྐོར་དུ་ཕེབས།
བོད་ཀྱི་རྙིང་མའི་མ་དགོན་དྲུག་ལ་གནས་སྐོར་དུ་ཕེབས་པའི་སྐབས་སུ། རིན་པོ་ཆེས་སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་མཇལ། མཇལ་འཕྲད་ཐོག་མ་དེ་ནས་བཟུང་རིན་པོ་ཆེས་བྱ་བྲལ་རིན་པོ་ཆེ་ནི་གྲུབ་པ་ཐོབ་པའི་སྐྱེས་བུ་དམ་པ་ཞིག་ཡིན་པར་ཐེ་ཚོམ་གཏན་ནས་མ་སྐྱེས། དེ་ནས་ལོ་བདུན་གྱི་རིང་བྱ་བྲལ་རིན་པོ་ཆེའི་དྲུང་དུ་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོ་དང་རྫོགས་པ་ཆེན་པོའི་གདམས་པ་རྣམས་ཉམས་ལེན་གནང་། ཁོང་བྱ་བྲལ་རིན་པོ་ཆེ་དང་ཐུགས་ཉེ་བའི་ཞལ་སློབ་ཏུ་གྱུར་ཅིང་། རྗེས་སུ་བླ་མའི་ངོ་སྤྲོད་ཕྱག་བྲིས་དང་བཅས་བོད་ཀོང་པོའི་ཕྱོགས་སུ་མངགས། བླ་མ་རྡོ་རྗེ་ལ་སྐྱབས་རྗེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ཟབ་གཏེར་རྣམས་ཉམས་ལེན་མཐར་ཕྱིན་པ་དགོས་པའི་ལམ་སྟོན་ཐོབ། བླ་མ་རྡོ་རྗེ་རྣམ་རྒྱལ་རིན་པོ་ཆེ་ཀོང་པོ་བླ་མ་གླིང་བུ་ཆུ་རིག་འཛིན་དགོན་དུ་འབྱོར་ཞིང་། དེ་ནི་གུ་རུ་རིན་པོ་ཆེ་གཉིས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་གདན་ས་ཡིན། རིན་པོ་ཆེ་དེར་ལོ་གསུམ་བཞུགས་ཏེ་རྫོགས་ཆེན་ཉམས་ལེན་དང་བདུད་འཇོམས་གཏེར་གསར་གྱི་དབང་ལུང་ཁྲིད་གསུམ་གསན།
ཕྱི་ལོ་ ༡༩༥༩ ལོར་རིན་པོ་ཆེ་བོད་ནས་ཕེབས་ཏེ་རྒྱ་གར་ཨ་སམ་གྱི་བྷ་ལ་པུང་དུ་འབྱོར་ཞིང་། དེ་ནི་བཙན་བྱོལ་བོད་མི་འདུས་སྡོད་བྱེད་ས་ཐོག་མ་དེ་ཡིན། བོད་མི་མང་ཆེ་བར་རྒྱ་གར་གྱི་ཚ་བ་མ་འཕྲོད་པར་དཀའ་ངལ་ཆེན་པོ་འཕྲད་དེ་མང་པོ་ཞིག་འདས་གྲོངས་སུ་གྱུར། རིན་པོ་ཆེས་དེར་བླ་མ་གླིང་གི་ཆོས་གྲོགས་རྙིང་པ་མང་པོ་མཇལ་འཕྲད་བྱུང་བའི་ནང་བླ་མ་ཤེས་རབ་རིན་པོ་ཆེ་ (བདུད་འདུལ་རབ་བརྟན་གླིང་གི་གཙོ་འཛིན་གཉིས་པ་) ཡང་ཡོད། ཁོང་རྒྱ་གར་ཀ་ལིམ་པུང་དུ་ཡོད་པའི་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཟངས་མདོག་དཔལ་རི་དགོན་པར་ཕེབས་རྒྱུའི་ཐུགས་ཐག་བཅད་ཅིང་། དེར་སྐྱབས་རྗེ་མཆོག་ལས་རྙིང་མ་བཀའ་མའི་དབང་ལུང་ཡོངས་སུ་གསན། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེས་མཚོ་པདྨ་རུ་རིན་ཆེན་གཏེར་མཛོད་ཀྱི་དབང་ཆེན་བསྩལ་སྐབས། རིན་པོ་ཆེས་ཆོ་གའི་རྡོ་རྗེ་སློབ་དཔོན་གྱི་ཐུགས་འགན་བཞེས་ཏེ་དད་ལྡན་མི་མང་སྟོང་ཕྲག་མང་པོའི་མདུན་དུ་རང་གི་མཛད་འགན་ལེགས་པར་བསྒྲུབས།
གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་རྒྱ་གར་གཞུང་ནས་ཆོག་མཆན་ཐོབ་པ་དང་། ཨོ་ཌི་ཤཱའི་ནང་བཙན་བྱོལ་བོད་མིའི་གཞིས་ཆགས་ཤིག་བཏབ། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མངགས་བཞིན། བླ་མ་རྡོ་རྗེ་རྣམ་རྒྱལ་རིན་པོ་ཆེ་དང་། བླ་མ་ཤེས་རབ་རིན་པོ་ཆེ། ལྕགས་མདུད་སྤྲུལ་སྐུ། བླ་མ་ནམ་མཁའ་ཚེ་བསོད་བཅས་དང་ལྷན་བླ་མ་གླིང་གི་ཆོས་གྲོགས་མང་པོ་ཞིག་ཨོ་ཌི་ཤཱར་འབྱོར། བོད་མི་བཙན་བྱོལ་བ་རེ་རེར་རྒྱ་གར་གཞུང་ནས་ས་ཆ་ཨེ་ཀར་རེ་དང་། ཁང་ཆུང་རེ། ལོ་གཅིག་གི་ཟ་ཕོགས་བཅས་གནང་།
བླ་མ་དང་རིན་པོ་ཆེ་རྣམ་ཁང་ཆུང་ཞིག་གི་ནང་འདུས་ཏེ་སྨོན་ལམ་གསུང་གི་་ཡོད་པས། བླ་མ་རྡོ་རྗེ་རིན་པོ་ཆེས་འདམ་བག་གི་ཁང་པ་ཞིག་བརྒྱབ་སྟེ་དགོན་པ་བཟོས། དེར་སྐྱབས་རྗེ་རིན་པོ་ཆེས་བདུད་འདུལ་རབ་བརྟན་གླིང་ཞེས་མཚན་གསོལ། བླ་མ་རྡོ་རྗེ་རྣམ་རྒྱལ་རིན་པོ་ཆེས་དཀའ་ངལ་ཆེ་བའི་ལོ་ཟླ་དེ་དག་གི་ནང་ས་གནས་བོད་པའི་སློབ་གྲྭར་དགེ་རྒན་གྱི་ཞབས་ཞུ་ཡང་གནང་།
བླ་མ་རྡོ་རྗེ་རྣམ་རྒྱལ་རིན་པོ་ཆེས་ལོ་མང་རིང་བདུད་འདུལ་རབ་བརྟན་གླིང་གི་གཙོ་འཛིན་གྱི་ཐུགས་འགན་བཞེས་ཤིང་། དགོན་པ་དང་སྐྱ་བོ་མི་མང་གཉིས་ཀ་དང་འབྲེལ་བའི་ཕྱག་ལས་མང་པོར་གཟིགས་རྟོག་གནང་། ཁོང་གིས་གཙོ་འཛིན་གྱི་ཐུགས་འགན་བཞེས་པའི་རིང་ལ་ད་ལྟ་ཡོད་པའི་བདུད་འདུལ་རབ་བརྟན་གླིང་གི་དགོན་པ་ཐོག་བརྩེགས་གསུམ་ལྡན་འདི་ཉིད་གསར་བཞེངས་གནང་བ་ཡིན། ཁོང་གིས་ས་གནས་མི་མང་ནས་མི་གྲོངས་པའི་སྐབས་སུ་སྤུར་སྲེག་གི་ཤིང་ཆ་སྒྲུབ་དགོས་པ་མ་གཏོགས། འདས་མཆོད་ཀྱི་ཆོ་ག་མཐའ་དག་རིན་མེད་དུ་སྒྲུབ་དགོས་པའི་ལམ་ལུགས་བཟོས་གནང་བ་དེ་ད་ལྟའང་ལག་ལེན་བསྟར་བཞིན་ཡོད། བླ་མ་རྡོ་རྗེ་རྣམ་རྒྱལ་རིན་པོ་ཆེས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལོ་ལྟར་སྨོན་ལམ་ཚོགས་པའི་གཏན་འབེབས་གནང་། ས་གནས་མི་མང་སུ་ཞིག་གྲོངས་པ་ཡིན་ནའང་ཁོང་དངོས་སུ་་ཕེབས་ཏེ་འདས་པོའི་ཁྱིམ་དུ་གཅོད་ཀྱི་ཆོ་ག་གནང་ཞིང་། ནང་མི་ཚོར་རྟག་ཏུ་སེམས་གསོ་གནང་གི་ཡོད།
ཕྱི་ལོ་ ༡༩༨༢ ལོར་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེའི་དཔལ་ཡུལ་རྣམ་གྲོལ་གླིང་དགོན་པར་སྨན་སྒྲུབ་སྒྲུབ་ཆེན་གྱི་ཚོགས་མགོན་དུ་གདན་ཞུས་གནང་། སྒྲུབ་ཆེན་དེར་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་དང་པད་ནོར་རིན་པོ་ཆེ་རྣམ་གཉིས་ཀྱིས་དབུ་བཞུགས་མཛད། བླ་མ་རྡོ་རྗེ་རྣམ་རྒྱལ་ལ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱག་བཞེས་ཆོ་ག་ལྟར་སྒྲུབ་དགོས་པའི་རེ་བསྐུལ་ཞུས། སྨན་སྒྲུབ་སྒྲུབ་ཆེན་དེ་ཉིད་ལམ་ལྷོང་ཆེན་པོ་བྱུང་བར་བརྟེན། རིན་པོ་ཆེ་མཆོག་ལ་སྨན་སྒྲུབ་བླ་མ་ཞེས་པའི་མཚན་གནང་།
རྗེས་སུ་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེས་ཧེ་རུ་ཀའི་བཀའ་བརྒྱད་ཀྱི་དབང་ཆེན་བསྩལ་རྒྱུའི་ཆེད་དུ་གདན་ཞུས་གནང་། གང་གིས་ཤེ་ན་རིན་པོ་ཆེ་ཆོ་ག་འདི་ལ་མཁས་པར་གྱུར་ཡོད་པས་ཡིན། འདི་ནི་འགྲོ་བ་སྤྱི་དང་བྱེ་བྲག་ཏུ་བོད་དོན་བདེན་མཐའ་སེལ་བའི་ཆེད་དུ་ཡིན། འདི་ནི་སྤྱི་ནོར་གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་བཀའ་འདྲི་ལྟར་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེས་ཕྱག་མོ་བཏབ་རྗེས་སུ་བྱུང་བ་ཞིག་ཡིན། དེའི་རྗེས་སུ་བླ་མ་ཟླ་བ་ཆོས་གྲགས་ཀྱི་རེ་བསྐུལ་བཞིན་བླ་མ་རྡོ་རྗེ་རྣམ་རྒྱལ་རིན་པོ་ཆེ་ཤིམ་ལར་ཕེབས། ཁོང་ལ་བོད་པའི་སློབ་གྲྭའི་སློབ་ཕྲུག་ཚོར་གནོད་པ་བྱེད་མཁན་གྱི་འབྱུང་པོ་དང་གདོན་བགེགས་བར་ཆད་རྣམས་སེལ་ཆེད་གདན་ཞུ་ཞུས། རིན་པོ་ཆེས་ཉིན་བདུན་རིང་ཁྲོས་མ་དུར་གྱི་ཆོ་ག་གནང་སྟེ་ས་གནས་དེ་ཉིད་ཞི་བར་མཛད།
ཕྱི་ལོ་ ༡༩༨༥ ལོར་ཁོང་གིས་བདུད་འདུལ་རབ་བརྟན་གླིང་གི་ཉེ་འཁྲིས་སུ་སྒོམ་སྒྲུབ་ལྟེ་གནས་ཤིག་བཙུགས། སྒོམ་སྒྲུབ་ལྟེ་གནས་དེར་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་གིས་རྣམ་གྲོལ་ཆོས་གླིང་ཞེས་མཚན་གསོལ་གནང་ཞིང་། དེ་ནི་ལོ་གསུམ་གྱི་སྒྲུབ་པ་ཉམས་ལེན་བྱེད་སའི་བསྟི་གནས་ཤིག་ཡིན་པ་དང་། དེར་སློབ་མ་རྣམས་ལ་བླ་མ་རྡོ་རྗེ་རྣམ་རྒྱལ་རིན་པོ་ཆེ་མཆོག་གིས་ཆོས་ཁྲིད་གནང་། རིན་པོ་ཆེའི་སློབ་མ་མང་པོའི་ནང་ནས་གཅིག་ནི་བདུད་འདུལ་རབ་བརྟན་གླིང་གི་གཙོ་འཛིན་འདས་པོ་བླ་མ་འཇམ་དཔལ་ཤེས་རབ་ཡིན། ཕྱི་ལོ་ ༡༩༨༦ ལོར་རིན་པོ་ཆེ་མཆོག་རང་གི་ཕ་ཡུལ་བོད་དུ་ཆིབས་བསྒྱུར་བསྐྱངས། ཁོང་གིས་ལྷ་སར་གཟིགས་སྐོར་གནང་བ་མ་ཟད། ཀོང་པོའི་ཕྱོགས་སུའང་ཕེབས་ཏེ་དད་ལྡན་མི་མང་དང་སྐུ་ཉེ་མང་པོར་དབང་ལུང་དང་ཆོས་སོགས་བསྩལ།
རིན་པོ་ཆེས་ཨོ་ཌི་ཤཱ་ནས་བོད་པའི་གཞོན་སྐྱེས་མང་པོ་ཞིག་བལ་ཡུལ་དུ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེས་གསར་བཏོད་གནང་བའི་བཤད་གྲྭ་ཐོག་མ་བཤད་སྒྲུབ་བདུད་འཇོམས་གླིང་དུ་སློབ་གཉེར་བྱེད་པར་མངགས། བླ་མ་རྡོ་རྗེ་རྣམ་རྒྱལ་གྱིས་བལ་ཡུལ་དུ་མངགས་པའི་སློབ་མ་མང་པོའི་ནང་ནས་གཅིག་ནི་སྙན་གྲགས་ཅན་གྱི་མཁས་དབང་མཁན་ཆེན་ཚེ་དབང་རིག་འཛིན་མཆོག་ཡིན།
བླ་མ་རིན་པོ་ཆེ་མཆོག་གིས་སྐུ་ཚེ་གང་པོར་དམ་པའི་ཆོས་ཞབས་འདེགས་གནང་ཞིང་། ཁོང་གི་མཛད་པ་མཐའ་དག་སེམས་ཅན་གྱི་དོན་ཁོ་ནར་བསྐྱངས། ཁོང་གི་སྐུ་ཚེའི་རྣམ་ཐར་ནི་སུས་ཀྱང་སྐྱོན་གྱི་ཆ་ཕྲ་མོ་ཙམ་ཡང་བགྲང་དུ་མེད་པ་ཞིག་ཡིན། བླ་མ་རིན་པོ་ཆེ་དགུང་ལོ་རེ་གཅིག་ཐོག་བལ་ཡུལ་བྱ་རུང་ཁ་ཤོར་མཆོད་རྟེན་གྱི་ཉེ་འཁྲིས་སུ་དགོངས་པ་ཆོས་དབྱིངས་སུ་ཐིམས།