རྡོ་རྗེ་སློབ་དཔོན་ལྔ་པ།

བླ་མ་འཇམ་དཔལ་ཤེས་རབ་རིན་པོ་ཆེ།

Portrait of Lama Jamphel Sherap Rinpoche

བླ་མ་འཇམ་དཔལ་ཤེས་རབ་རིན་པོ་ཆེ་ནི་བོད་མདོ་སྨད་དུ་སྐུ་འཁྲུངས། ཡབ་ཀྱི་མཚན་ལ་ཨོ་རྒྱན་རྟ་གུ་དང་ཡུམ་གྱི་མཚན་ལ་སྒྲོལ་དཀར་བསྟན་འཛིན་ཞུ། ཁོང་གི་མཚན་སྤྲུལ་སྐུ་འཇམ་དབྱངས་རིན་པོ་ཆེ་མཆོག་གིས་བསྩལ། དགུང་ལོ་བཅུ་བདུན་ཐོག་བོད་ཀྱི་གནས་ཆེན་ཁག་ལ་མཇལ་སྐོར་དུ་ཕེབས། རྗེས་སུ་ཕྱི་ལོ་ ༡༩༤༧ ལོར་རྒྱ་གར་དང་བལ་ཡུལ་དུ་མཇལ་སྐོར་ལ་ཕེབས། ཧི་མ་ཅལ་མངའ་སྡེའི་གར་ཞྭ་གྲོང་སྡེ་རུ་གྲུབ་དབང་རྟོགས་ལྡན་ཤཱཀྱ་ཤྲཱིའི་ཞལ་སློབ་བླ་མ་ཀུན་དགའ་རིན་པོ་ཆེར་མཇལ། བླ་མ་འཇམ་དཔལ་ཤེས་རབ་ཀྱིས་བླ་མ་ཀུན་དགའི་དྲུང་དུ་ལོ་གཉིས་རིང་སློབ་གཉེར་གནང་ཞིང་། ལོ་དེ་གཉིས་ཀྱི་རིང་རྩ་རླུང་ཉམས་ལེན་མཛད།

རྗེས་སུ་སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་རིན་པོ་ཆེ་མཆོག་ལས་རྙིང་མའི་རྒྱུད་འབུམ་དང་། བཀའ་མ། རིན་ཆེན་གཏེར་མཛོད། བདུད་འཇོམས་གཏེར་གསར་བཅས་ཀྱི་དབང་ལུང་ཡོངས་སུ་གསན། ཁོང་ཨོ་ཌི་ཤཱ་ཕུན་ཚོགས་གླིང་དུ་ཕེབས་ཏེ། ཕོ་ལོང་སངས་རྒྱས་རིན་པོ་ཆེའི་བླ་བྲང་དུ་བླ་མ་རྡོ་རྗེ་རྣམ་རྒྱལ་རིན་པོ་ཆེའི་༼བདུད་འདུལ་རབ་བརྟན་གླིང་གཙོ་འཛིན་བཞི་པ།༽ལམ་སྟོན་འོག་ལོ་གསུམ་གྱི་མཚམས་སྒྲུབ་ལ་བཞུགས། དེའི་རྗེས་སུའང་ལོ་མང་རིང་སྒོམ་སྒྲུབ་དང་སྐུ་མཚམས་ལ་བཞུགས།

ཕྱི་ལོ་ ༢༠༡༠ ལོར་སྤྲུལ་སྐུ་ཚེ་འཕེལ་རིན་པོ་ཆེ་༼བདུད་འདུལ་རབ་བརྟན་གླིང་གི་གཙོ་འཛིན་ལྔ་པ༽སྐུ་གཤེགས་རྗེས། བླ་མ་བསོད་ནམས་ཀྱིས་མཁའ་འགྲོ་གསང་ཡུམ་རིན་པོ་ཆེ་དང་སྐྱབས་རྗེ་གཞན་ཕན་ཟླ་བ་རིན་པོ་ཆེ་རྣམ་གཉིས་ལ་བཀའ་འདྲི་ཞུས་ཏེ། བླ་མ་འཇམ་དཔལ་ཤེས་རབ་རིན་པོ་ཆེ་མཆོག་བདུད་འདུལ་རབ་བརྟན་གླིང་གི་གཙོ་འཛིན་དྲུག་པར་བསྐོ་གཞག་གནང་། རིན་པོ་ཆེས་ཕྱི་ལོ་ ༢༠༡༡ ནས་ ༢༠༡༦ བར་དགོན་པའི་གཙོ་འཛིན་གྱི་ཐུགས་འགན་བཞེས། བླ་མ་མཆོག་ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༡༢ པའི་ནང་རྒྱ་གར་ལྷོ་ཕྱོགས་ཏཱ་མིལ་ནཱ་ཌུ་མངའ་སྡེའི་ཨུ་ཊི་རུ་དགོངས་པ་ཆོས་དབྱིངས་སུ་ཐིམས།

arrow_backཕྱིར་ལོག རྡོ་རྗེ་སློབ་དཔོན།