རྡོ་རྗེ་སློབ་དཔོན་དྲུག་པའམ་ད་ལྟའི་རྡོ་རྗེའི་སློབ་དཔོན་

བླ་མ་སྐལ་བཟང་ཉི་མ་རིན་པོ་ཆེ།

Portrait of Lama Kelsang Nyima Rinpoche

བླ་མ་སྐལ་བཟང་ཉི་མ་མཆོག་ (ཕྱི་ལོ་ ༡༩༦༧ ལོར་འཁྲུངས་པ་) ནི་བོད་མདོ་སྨད་ཚ་རུ་རྡོ་སྟོད་དུ་ཡབ་ཁོར་ཏ་ཚེ་སྟོབས་དང་། ཡུམ་དཔལ་སྒྲོན་གཉིས་ཀྱི་སྲས་སུ་བོད་རྩིས་ཟླ་ ༦ པའི་ཚེས་ ༡༥ ཉིན་སྐུ་འཁྲུངས། རྒྱ་ནག་གཞུང་གི་བཙན་གནོན་དང་དམ་དྲག་གི་རྐྱེན་གྱིས། བླ་མ་ཉི་མ་མཆོག་ལ་ཕྱི་ལོ་ ༡༩༧༥ བར་དམ་པའི་ཆོས་ལ་སློབ་གཉེར་བྱེད་པའི་གོ་སྐབས་མ་ཐོབ། ཕྱི་ལོ་ ༡༩༧༦ རྗེས་སུ་ཆོས་ཁྲིད་གནང་རྒྱུར་རང་དབང་ཅུང་ཟད་ཐོབ་ཡོད་ཀྱང་། བླ་མ་དང་དགེ་བའི་བཤེས་གཉེན་མང་པོ་ཞིག་གིས་ཐུགས་དྭོགས་དང་བཅས་ཆོས་ཁྲིད་གནང་རྒྱུར་འཛེམས་ཟོན་གནང་གི་ཡོད། བླ་མ་སྐལ་བཟང་གིས་མདོ་སྨད་ནས་ཕེབས་རྒྱུའི་ཐུགས་ཐག་བཅད་དེ། བོད་ཤར་ཕྱོགས་གངས་རིན་པོ་ཆེའི་ཉེ་འཁྲིས་མངའ་རིས་ཕྱོགས་སུ་ཕེབས་ཤིང་། ལམ་བར་དུ་དཀའ་ངལ་དང་བགེགས་བར་ཆད་མང་པོར་གདོང་ལེན་གནང་དགོས་བྱུང་།

བླ་མ་སྐལ་བཟང་གི་མངའ་རིས་ཀྱི་སློབ་དཔོན་ཐོག་མ་ནི་རྒྱང་གྲགས་དགོན་པའི་འབྲི་གུང་བཀའ་བརྒྱུད་ཀྱི་བླ་མ་དབང་ཐང་སྤྲུལ་སྐུ་མཆོག་ཡིན། བླ་མ་སྐལ་བཟང་གིས་དབང་ཐང་སྤྲུལ་སྐུའི་དྲུང་ནས་སྔོན་འགྲོའི་ཉམས་ལེན་མཐར་ཕྱིན་པར་གནང་བ་མ་ཟད། ཁྲོས་མ་ནག་མོའི་དབང་ཡང་ཞུས། དེ་ནས་བཟུང་བླ་མ་སྐལ་བཟང་ཉི་མས་ཁྲོས་མའི་ཉམས་ལེན་དབུ་བཙུགས། རྗེས་སུ་མཚུར་ཕུ་རུ་བླ་མ་ཀརྨ་བདེ་ཆེན་ལས་འོད་དཔག་མེད་དང་། སྤྱན་རས་གཟིགས། མི་འཁྲུགས་པ་བཅས་ཀྱི་དབང་ཡང་གསན། ཁོང་གིས་རང་གི་ནང་མི་དང་ལྷན་དུ་གངས་རིན་པོ་ཆེར་གནས་སྐོར་ཕྱག་བསྐོར་ཐེངས་བརྒྱ་ཐམ་པ་བརྒྱབས། ཁོང་གིས་བླ་མ་སྐྱེས་ཆེན་དམ་པ་མགོ་ལོག་རྟོགས་ལྡན་རིན་པོ་ཆེའི་དྲུང་ནས་རྫོགས་ཆེན་ཁྲེགས་ཆོད་ཀྱི་གདམས་པ་དང་ཀློང་ཆེན་སྙིང་ཐིག་གི་ཆོས་སྐོར་རྣམས་གསན། བསམ་ཡས་སུ་བསྙེན་པ་གསོག་སྒྲུབ་གནང་བཞུགས་པའི་སྐབས་སུ། བླ་མ་སྐལ་བཟང་གིས་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་ལས་སེམས་ཁྲིད་དང་ཆོས་གཞན་དག་གི་ཞལ་གདམས་དང་བྱིན་རླབས་ཀྱང་ཐོབ།

བླ་མ་སྐལ་བཟང་ཕྱི་ལོ་ ༡༩༩༠ ལོར་རྒྱ་གར་དུ་འབྱོར་ཞིང་། སྤྱི་ནོར་གོང་ས་སྐྱབས་མགོན་བཅུ་བཞི་པ་ཆེན་པོ་མཆོག་གིས་བསྩལ་བའི་ཧེ་རུ་ཀའི་བཀའ་བརྒྱད་ཀྱི་མཚམས་སྒྲུབ་ལ་ལོ་གསུམ་གྱི་སྒྲུབ་པ་གནང་། ཁོང་གི་མཚམས་སྒྲུབ་དཔོན་ནི་བླ་མ་ཁམས་སྤྲུལ་རིན་པོ་ཆེ་ཡིན། རྗེས་སུ་བལ་ཡུལ་དུ་ཕེབས་ཏེ། གདུང་སྲས་འཕྲིན་ལས་ནོར་བུ་རིན་པོ་ཆེ་ལས་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་རི་ཆོས་གདམས་པ་དང་བདུད་འཇོམས་གཏེར་གསར་གྱི་སེམས་ཁྲིད་གསན། བླ་མ་སྐལ་བཟང་རིན་པོ་ཆེ་མཆོག་གིས་པད་ནོར་རིན་པོ་ཆེ་ལས་རིན་ཆེན་གཏེར་མཛོད་ཀྱི་དབང་དང་། ཞི་ཆེན་རབ་འབྱམས་རིན་པོ་ཆེ་ལས་ལུང་བཅས་གསན། བྱ་བྲལ་རིན་པོ་ཆེ་ལས་རིག་འཛིན་འདུས་པའི་དབང་གསན། དེའི་རྗེས་སུ་ཕྱིར་རྒྱ་གར་དུ་ཕེབས་ཏེ། སྔགས་པའི་གྲུབ་ཐོབ་མགོ་ལོག་བླ་མ་པདྨ་བསྟན་པོ་ལས་རྫོགས་ཆེན་གྱི་ཞལ་གདམས་གསན་ཅིང་། རྗེས་སུ་རྐྱང་ཕྱག་རིན་པོ་ཆེ་ལས་ཀྱང་གསན། སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་རྡོ་རྗེའི་ཞལ་སློབ་བླ་མ་ཡེ་ཤེས་རྡོ་རྗེ་ལས་ཁྲོས་མའི་དབང་ལུང་ཁྲིད་གསུམ་གསན། རྡོ་རྗེ་གླིང་དུ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་ལས་བདུད་འཇོམས་གཏེར་གསར་གྱི་ལུང་ཡོངས་སུ་གསན། ཕྱི་ལོ་ ༡༩༩༧ ལོར་བླ་མ་སྐལ་བཟང་རིན་པོ་ཆེ་ཨོ་ཌི་ཤཱའི་བོད་མིའི་གཞིས་ཆགས་སུ་འབྱོར་ཞིང་། དེར་སྐྱབས་རྗེ་ནམ་མཁའ་དྲི་མེད་རབ་འབྱམས་རིན་པོ་ཆེ་ལས་རིན་ཆེན་གཏེར་མཛོད་ཀྱི་དབང་གསན། ཕྱི་ལོ་ ༢༠༢༠ ལོར་རྒྱལ་སྲས་རིན་པོ་ཆེ་ལས་འཇའ་ཚོན་སྙིང་པོའི་གཏེར་ཆོས་ཀྱི་ལུང་ཡོངས་རྫོགས་ཀྱང་གསན།གནང་།

ཕྱི་ལོ་ ༢༠༡༠ ལོར་སྤྲུལ་སྐུ་ཚེ་འཕེལ་སྐུ་གཤེགས་རྗེས། བླ་མ་བསོད་ནམས་བཀྲ་ཤིས་ཀྱིས་དམ་པ་གཞན་ཕན་ཟླ་བ་རིན་པོ་ཆེར་སྤྲུལ་སྐུ་ཚེ་འཕེལ་གྱི་ཤུལ་འཛིན་བསྐོ་རྒྱུའི་སྐོར་ལ་བཀའ་འདྲི་ཞུས། བླ་མ་སྐལ་བཟང་རིན་པོ་ཆེ་མཆོག་བདུད་འདུལ་རབ་བརྟན་གླིང་དགོན་པའི་གཙོ་འཛིན་བདུན་པར་མངའ་གསོལ་གནང་། བླ་མ་སྐལ་བཟང་རིན་པོ་ཆེས་གཙོ་འཛིན་གྱི་ཐུགས་འགན་བཞེས་ཏེ། དགོན་པའི་སྨོན་ལམ་ཚོགས་དུས་དང་མཛད་སྒོ་མཐའ་དག་ལ་དབུ་ཁྲིད་དང་ལམ་སྟོན་གནང་བཞིན་དགོན་པར་གཟིགས་སྐྱོང་གནང་།

arrow_backཕྱིར་ལོག རྡོ་རྗེ་སློབ་དཔོན།